མནྜལ་སྒང

མནྜལ་སྒང

gewog img
mendrelgang

མནྜལ་སྒང་དེ་ རྩི་རང་རྫོང་ཁག་ནང་ལུ་ འགྱོགས་དྲགས་སྦེ་གོང་འཕེལ་འགྱོ་མི་རྒེད་འོག་ཅིག་ཨིན། ས་ཁོངས་ཀྱི་རྒྱ་ཚད་ ཧ་ལམ་ ཀི་ལོ་མི་ཊར་ ༡༥.༥ དེ་ཅིག་གྲུ་བཞི་ཡོདཔ་དང་ རྫོང་ཁག་ལྟེ་བ་འགྲམ་ཕུག་ལས་ ལྷོ་ཤར་ཁ་ཐུག་ལུ་ཀི་ལོ་མི་ཊར་ ༡༨ ཀྱི་ས་ཁོང་ནང་ཆགས་ཡོདཔ་ཨིན། རྒེད་འོག་གི་སའི་མཐོ་ཚད་དེ་ རྒྱ་མཚོའི་ཚད་ལས་ མི་ཊར་ ༧༠༠ ལས་ ༡༤༠༠ དེ་ཅིག་གི་ས་ཁར་ཨིནམ་དང་ གནམ་གཤིས་ཚ་དྲོད་རན་ཏོག་ཏོ་ཡོད་པའི་ཁར་ ས་བཅུད་ཡོདཔ་ལས་  འབྲུ་སྣ་དང། ཚོད་བསྲེ། ཤིང་འབྲས་ཀྱི་རིགས་ལྷམ་པ་མ་འདྲ་སྣ་ཚོགས་འཚོཝ་ཨིན།

རྒེད་འོག་དེའི་ནང་ སྤྱི་འོག་ལྔ་དང་ མི་རློབས་ ༢༩༠༠ དེ་ཅིག་ལུ་ཁྱིམ་གུང་ ༣༧༦ ཡོདཔ་ཨིན།  མནྜལ་སྒང་གི་མི་སེར་ཚུ་གིས་དཔལ་འབྱོར་དང་འབྲེལ་བའི་ལཱ་ཚུ་ལེགས་ཤོམ་འབད་དོ་ཡོདཔ་དང་ ཁོང་གི་འཚོ་བ་དེ་ མང་ཤོ་རང་ས་ནམ་དང་ སྒོ་ནོར་གསོ་སྐྱོང་ལུ་བརྟེན་སྡོདཔ་ཨིན། ཁོང་གི་དངུལ་ཐོག་འོང་འབབ་གཙོ་བོ་ཅིག་ ཚལ་ལུ་དང། ཨ་ལཱན་ཅི། ཤིང་འབྲས་ཚུ་ཨིན། ཨིན་རུང་དངུལ་ཐོག་རྐྱངམ་ཅིག་གིས་མ་ཚད་པར་ གཞན་ཡང་ཚོད་བསྲེ་ཚུ་རྫོང་ཁག་གཞན་ལུ་བཙོངས་ཏེ་ ཁོང་རའི་འཚོ་བ་སྐྱོངམ་ཨིན།

གཞི་རྟེན་ཐུན་རྐྱེན་གྱི་ཐད་ རྒེད་འོག་ནང་ལུ་ སློབ་གྲྭ་ཆུང་གཅིག་དང་། སློབ་གྲྭ་བར་མ་གཅིག། རྒེད་འོག་ཡིག་ཚང་། རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ། གཞི་རྟེན་སྨན་ཁང་། གྲོང་གསེབ་སྨན་ཁང་། གཞི་རྟེན་ཤེས་ཡོན་ལྟེ་བ་ ༢ ། ས་ཁོངས་གཞན་ཅིག་ཁར་བཞེངས་ཡོད་པའི་ལྷ་ཁང་བཅས་ཡོདཔ་ཨིན། མི་ཚུ་གིས་ ཐུན་རྐྱེན་དེ་ཚུ་གི་ཁེ་ཕན་ལེན་ཏེ་ ཁོང་རའི་དགོས་མཁོ་དང་བསྟུན་པའི་ཞབས་ཏོག་ཚུ་ཡང་ལེནམ་ཨིན། རྒེད་འོག་ནང་མི་སེར་ཚུ་ལུ་ ཡོངས་འབྲེལ་དང་ ཡོངས་འབྲེལ་མེད་པའི་མཐུན་རྐྱེན་སྤྲོད་ནིའི་དོན་ལུ་ མི་སྡེའི་ལྟེ་བ་གསརཔ་ཡང་གཞི་བཙུགས་འབད་དེ་ཡོདཔ་ཨིན།

སྐྱེལ་འདྲེན་དང་བརྒྱུད་འབྲེལ་གྱི་ཐད་ རྒེད་འོག་ནང་ལུ་ མནྜལ་སྒང་ལས་ ཐིམ་ཕུག་ མི་དམངས་སྐྱེལ་འདྲེན་བཱསི་གི་ཞབས་ཏོག་དང་ གླ་འཁོར་ཚུ་ཡོདཔ་ཨིན། མི་སེར་ཚུ་གི་ས་ནམ་ཐོན་ཁུངས་ཚུ་འཇམ་ཏོག་ཏོ་སྦེ་སྐྱེལ་འདྲེན་འབད་ཚུགས་ནིའི་དོན་ལུ་ རྒེད་འོག་གིས་ ཞིང་ལམ་ ༤ ཀི་ལོ་མི་ཀྲར་ ༡༡ དེ་ཅིག་གསར་བཏོན་འབད་ཡོདཔ་ཨིན། རྒེད་འོག་དེའི་ནང་ བི་མོ་བའིལ་ཞབས་ཏོག་ སྤྱི་ལོ་ ༢༠༠༨ ནང་མཐུདཔ་ཡོདཔ་དང་ བཀྲིས་སེལ་ཞབས་ཏོག་དེ་ སྤྱི་ལོ་ ༢༠༡༠ ནང་མཐུདཔ་ཡོདཔ་ཨིན། མནྜལ་སྒང་རྒེད་འོག་ནང་གི་སྤྱི་འོག་ག་རའི་ནང་གློག་མེ་ལྷོད་ཡོདཔ་ལས་ མི་སེར་ཚུ་གློག་མེའི་ཞབས་ཏོག་དགའ་སྐྱིད་ངང་ལུ་སྤྱོད་ཡོདཔ་ཨིན།

རྒེད་འོག་འདི་ རྩི་རང་རྫོང་ཁག་ནང་ལུ་ ཚལ་ལུ་མང་ཤོས་བཙུགས་མི་རྒེད་འོག་ཅིག་ཨིན།